༄༅། །གནས་ལུགས་དོན་གྱི་རང་རིག་ནག་པོ་ཆེ། །ཕྱི་རོལ་དྲེགས་པ་ཀུན་གཙོར་ཡོངས་ཤར་བའི། །ཡང་གསང་གཟི་ལྡན་དབང་ཕྱུག་ཞལ་བཞིབ།། མཆོད་ཐབས་མི་ཟད་ཡོངས་འདུའི་ལྗོན་པ་བཞུགས།།། [001A] །ན་མཿ་པྲཛྙཱ་མཻ་ཏྲི་ཝ་གིནྡྲ་ནིར་བཧོ་གཱ་ཡ། ཁྱབ་བདག་ཐུགས་རྗེའི་བདག་ཉིད་རྡོ་རྗེ་འཆང། །འགྲོ་ཀུན་སྣང་ངོར་གོས་དཀར་ལྕང་ལོའི་ཚུལ། །ངེས་འཆང་ས་སྐྱའི་བླ་ཆེན་བརྒྱུད་པར་བཅས། །མི་ ཕྱེད་དད་པས་རྟག་ཏུ་གུས་པས་མཆོད། །གང་གི་རིང་ལུགས་སྤེལ་ལ་ཟླ་བྲེལ་ཞིང། །ངེས་གསང་རྒྱུད་སྡེའི་མངའ་བདག་དྲིན་ཅན་མཆོག་བྱང་ཆུབ་བར་གྱི་སྐྱབས་མགོན་བླ་མ་རྗེར། །སྒོ་གསུམ་མི་ཕྱེད་དད་པས་འདུད་ དོ་སྐྱོངས། །ཡང་གསང་གཟི་ལྡན་དབང་ཕྱུག་སྐུའི་སྣང་བརྙན། །དྲན་པའི་མོད་ལ་སྲིད་ཞིའི་དགེ་ལེགས་ཀུན། །འབད་མེད་སྩོལ་ཞིང་བསྟན་དགྲ་མ་ལུས་པ། །མིང་གི་ལྷག་མར་བྱེད་པའི་ལྷ་གང་རྒྱལ། །དེ་ཉིད་མཆོད་ ཅིང་ལེགས་པར་བསྟེན་པའི་ཐབས། །ཐབས་མཆོག་བསྐང་བའི་རིམ་པ་འདི་ཉིད་ཀུན། །ཀུན་ལས་ཁྱད་འཕགས་སྲུང་མའི་དབང་པོ་མཆོག། །མཆོག་གང་དགྱེས་བྱེད་རིམ་པ་ཟུར་ཙམ་སྤྲོ། །ཞེས་མཆོད་བར་བརྗོད་ནས་དེ་ཡང་དཔལ་ལྡན་ [002A] །ས་སྐྱ་པའི་བསྟན་སྲུང་ཆེན་པོ་མཐུ་ལྡན་དྲེགས་པ་ཡོངས་ཀྱི་སྡེ་དཔོན་སྟོབས་འཕྲོག་དབང་པོ་མཆོད་པར་འདོད་པའི་རྣལ་འབྱོར་པས་ཡིད་དང་མཐུན་པའི་གནས་སུ་ཆོས་སྐྱོང་སྤྱི་དང། ཁྱད་པར་གཟི་ལྡན་དབང་ཕྱུག་གི་སྐུ་བྲིས་འབུར་གང་རུང་བྱིན་ ཅན་བཀྲམ་པའི་མདུན་དང་གཡས་གཡོན་དུ་སྤྱན་གཟིགས་གོ་མཚོན། གཅན་གཟན་གྱི་པགས་པ་རྒྱན་དྲུག་སོགས་དྲག་པོའི་ཆས་རྣམས་མཐོང་བ་བརྒྱུད་པའི་ཕྱག་ལེན་བཞིན་བཤམ། སྐུའི་མདུན་དུ་རྒྱུ་རྗེན་བཏགས་ལས་བྱས་པའི་གོང་གཏོར། ཆོས་སྐྱོང་སྤྱིའི་བསྐང་གཏོར་ གཉན་མགོན་ཆེན་པོའི་གཏོར་མ་དབུས་སུ་སྙིང་གཟུགས་ཆེ་བ། དེའི་ཕྱོགས་བཞིར་དབྱིབས་གོང་མཚུངས་དེའི་སྐེད་པ་ལས་མི་མཐོ་ག་ཁྲག་གཙང་དང་སྨུག་རྩིས་བྱུགས་པ་ཕྱག་མཚན་དང་མེ་རི་ཤ་དར་རྣམས་ཀྱིས་བརྒྱན་པ། དེའི་མདུན་དུ་གཡས་ནས་མཆོད་མགོ་བྱས་པའི་ཁྲག་ ཞག་གི་མཆོད་ཡོན་དང་ཞབས་བསིལ། དབང་པོ་ལྔའི་མེ་ཏོག་ཚིལ་ཆེན་སོགས་དྲག་པོའི་སྤོས་ཀྱི་བདུག་སྤོས། མར་ནག་གི་སྣང་གསལ། མཁྲིས་པའི་དྲི་ཆབ། ཤ་སྣའི་ཞལ་ཟས་རྣམས་སྦྲེང་ཚར་དུ་བཤམ། དཔོན་སློབ་རྣམས་ཀྱི་མདུན་དུ་རྡོར་དྲིལ། ཌཱ་མ་རུ་ [002B] ཨམྲྀ་ཏས་བསང། སྭ་བྷཱ་ཝས་ སྦྱང། སྟོང་པའི་ངང་ལས་གནས་མཆོག་དམ་པ་འདི་ཉིད་མི་བཟད་འཇིགས་པའི་དུར་ཁྲོད་རོལ་པའི་ཕོ་བྲང་མཆོག་ཏུ་གྱུར་པའི་དབུས་སུ། ཨཱ་ ལས་བཧན་དྷ་འབར་བའི་སྣོད་རྣམས་ཀྱི་ནང་དུ་བསྟན་པ་དང་དེ་འཛིན་རྣམས་ལ་གནོད་ཅིང་སྡང་སེམས་འཆང་བའི་གཟུགས་ཅན་གཟུགས་མེད་རྣམས་ཀྱི་སྙིང་ཁྲག་དྲོན་མོའི་མཆོད་ཡོན་དང་ཞབས་བསིལ། དབང་པོ་ལྔའི་མེ་ཏོག་ མཐུན་རྫས་ཀྱི་བདུག་སྤོས། ཚིལ་ཆེན་གྱི་སྣང་གསལ། མཁྲིས་པའི་དྲི་ཆབ། ཤ་རུས་སྣ་ཚོགས་པའི་ཞལ་ཟས། རྐང་གླིང་ཐོད་རྔ་སོགས་རོལ་མོའི་ཕྱེ་བྲག་གོ་མཚོན་དང་རྒྱན་དྲུག་སྟག་གཟིག་སོགས་གཅན་གཟན་གྱི་པགས་ པ༑ རླུང་གི་ཤུགས་དང་ལྡན་པའི་རྟ་ནག་ཆར་སྤྲིན་ལྟར་གཏིབས་པའི་འབྲོག་གཡག་མིག་སྨན་ལྟར་གནག་པའི་ལུག་ཆེན། ཁྲོ་གཏུམ་དང་ལྡན་པའི་ཁྱི་ནག་དྲེད་དང་འཕར་རབ་སྦྱང་གི་སྟག་གཟིག་དོམ་ནག་རྣམས་ དབང་པོ་ཚང་བ། ཁྱད་པར་དམར་ཆེན་གྱི་གཏོར་མ་རི་ལྟར་བརྗིད་པ། སྨན་རག་གི་རྒྱ་མཚོ་རྦ་རླབས་གཡོ་བ། གཞན་ཡང་མཐུན་པའི་དམ་རྫས་རབ་འབྱམས་ནམ་མཁའི་མཐའ་དང་མཉམ་པ་ས་གཞི་བར་སྣང་ནམ་མཁའ་ཁྱབ་ པ༑ འཕགས་པ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལྟ་བུར་འཁོར་བ་ཇི་སྲིད་ཀྱི་བར་རྒྱུན་མི་ཆད་པའི་རང་བཞིན་དུ་གྱུར། ཨོཾ་སརྦ་བིད་དང། ཧ་ཧོ་ཧྲཱི་ཨརྒྷཾ་ ནས། ཤཔྟའི་བར་གྱིས་བྱིན་གྱིས་བརླབ། ཨ་མྲྀ་ ཏས་བསང། སྭ་བྷཱ་ཝ་ ས་སྦྱང་ [003A] །སྟོང་པའི་ངང་ལས་ཁྲོ་གཏུམ་རབ་ཏུ་འཇིགས་པའི་གནས་སུ་པདྨ་ཉི་མ་རུ་ཏྲ་མ་ལུས་པའི་ངོ་བོ་རོ་ཡི་གདན་ལ་དུས་གསུམ་རྒྱལ་བ་ཀུན་གྱི་མཐུ་སྟོབས་ཀྱི་ངོ་བོ་ཧཱུཾ་མཐིང་ནག་དང། ཕྱོགས་བཞིར་ བད་ཉིའི་སྟེང་དུ་བྷྱོ་ཡིག་རང་མདངས་ཅན་རེ་རེ། དེ་ལས་འོད་ཟེར་མགར་མེའི་ཚ་ཚ་ལྟ་བུ་དཔག་ཏུ་མེད་པ་འཕྲོས་པས་དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད་ཚུར་འདུས་ཡོངས་སུ་གྱུར་པ་ལས་དཔལ་ལྡན་ སྟོབས་འཕྲོག་དབང་པོ་ཞལ་བཞི་པ་སྐུ་མདོག་མུན་པའི་མདོག་ཅན། རྩ་ཞལ་དང་སྟེང་ཞལ་ནག་པོ། གཡས་གཡོན་གཉིས་ལྗང་ནག་ཕྱག་བཞིའི་གཡས་ཀྱི་དང་པོ་ན་མ་རུངས་གདུག་པའི་མགོ་བོ་གཅོད་པའི་གྲི་གུག་ གཡོན་གྱི་དང་པོ་ན་དམ་ཉམས་ཀྱི་ཁྲག་གིས་བཀང་བའི་ཐོད་པ་གཉིས་ཀར་སྟེང་འོག་ཏུ་འཛིན་པ། གཡས་ཀྱི་གཉིས་པ་ན་དགྲ་བོ་སྲོག་གཅོད་པའི་རྒལ་གྲི་གཡོན་གྱི་གཉིས་པ་ན་གཅོད་བྱེད་རྩིས་སུ་འདེབས་པའི་ རུས་འཕྲེང་འཕྱར་སྟབས་སུ་འཛིན་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང། རློན་པ་ཁྲག་འབབ་པ་ལྔ་བཅུའི་དོ་ཤལ་འཕྱང་བ། རུས་པའི་རྒྱན་དྲུག་གིས་བརྒྱན་ཅིང། དུག་སྤྲུལ་མང་པོ་ལང་ལོང་དུ་དཀྲིས་པ། སྟག་ གི་པགས་པའི་ཤམ་ཐབས་ཅན། ཁྲག་གི་ཐིག་ལེ་དང་ཞག་གི་ཟོ་རིས་ཀྱིས་བརྒྱན་པ། སྐུ་ལུས་སྦོམ་ལ་རགས་པ། གསུས་པ་འཕྱང་བ། དེའི་གཡས་སུ་གཡུང་མོ་ནག་མོ། གཡོན་དུ་གཏུམ་མོ་ལྗང་ཁུ། མདུན་ [003B] རྒྱབ་ཏུ་སིང་ག་ལི་མ་སེར་མོ་རྣམས་ཁྲོ་ཞིང་གཏུམ་པ། གྲི་གུག་དང་ཐོད་ཁྲག་འཛིན་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང། རློན་པ་ལྔ་བཅུའི་དོ་ཤལ་ཅན་རུས་པ་དང་སྦྲུལ་གྱིས་བརྒྱན་ཅིང། དར་ནག་གིན་བཟའ་གསོལ་བ། གཞན་ ཡང་མ་རུངས་གཤིན་རྗེའི་དབང་ཕྱུག་བེག་ཙེ་ལྕམ་སྲིང། སྡེ་བརྒྱད་ཡོངས་ཀྱི་དེད་དཔོན་རཱ་ཧུ་ལ་སོགས་མདོར་ན་གང་གི་འཁོར་ཚོགས་ཐམས་ཅད་ཀྱང་རང་རང་གི་ཆ་བྱེད་དང་ལྡན་ཞིང། དྲག་ལ་རྔམ་པ་སྲིད་པ་གསུམ་སྐད་ཅིག་ལ་མྱུལ་བའི་ནུས་མཐུ་ཅན་བསམ་ གྱིས་མི་ཁྱབ་པས་བསྐོར་བ། དེ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱ། ཐུགས་ཀར་ཧཱུཾ། དེ་ལས་འོད་ཟེར་འཕྲོས་པས་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ། ཧ་ཧ་རྒོད་པའི་དུར་ཁྲོད། གནས་མཆོག་ཆེན་བོ་ཏེ་སེ། བོ་ཏ་ལ། དར་ལུང་གཉན། ཁའུ་ བྲག་རྫོང། གདན་ས་ཆེན་པོ་དཔལ་ལྡན་ས་སྐྱ་སོགས་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱིས་བསྟེན་ཅིང་བསྒྲུབས་པའི་གནས་ནས་དཔལ་ལྡན་མཧཱ་ཀ་ལ་སྟོབས་འཕྲོག་དབང་པོ་ཞལ་བཞི་པ་འཁོར་ཚོགས་བསམ་གྱིས་མི་ཁྱབ་པ་ཁམས་གསུམ་ཐམས་ཅད་གཡོ་ བཞིན་པའི་ངང་ནས་སྐད་ཅིག་ཉིད་ལ་ཨོཾ་བཛྲ་ས་མཱ་ཛཿ་ དེ་ནས་དུང་དཀར་དང། རྐང་གླིང་ཐེངས་གསུམ་རེ་འབུད། རོལ་མོའི་སྒྲ་དྲག་པོས་བྱིན་དབབ། གདུང་བའི་དབྱངས་དང་བཅས་པས་འདི་སྐད་དོ། །ཧཱུཾ༑ དཔལ་ཆེན་ཧེ་རུ་ཀ་ཡི་སྤྱན་སྔ་རུ། །གང་གི་སྲོག་སྙིང་ཕུལ་ནས་དམ་བཞག་ ཅིང༑ ༑རྒྱལ་བའི་བསྟན་སྲུང་རྒྱ་མཚོ་ཡོངས་ཀྱི་རྗེ། །སྟོབས་འཕྲོག་ནག་པོ་ཆེན་པོ་མྱུར་གཤེགས་ཤིག་དྲག་པོའི་ལས་ཀྱིས་མ་རུངས་ཚར་གཅོད་ཚེ། །ཧ་ཧ་རྒོད་པའི་དུར་ཁྲོད་ཆེན་པོ་ནས། །དྲེགས་པ་སྲོག་བདག་ཀུན་གྱི་གཙོ་བོ་ཆེ། ། [004A]༄༅། །མཧཱ་ཀཱ་ལ་འཁོར་བཅས་མྱུར་་རྒྱལ་བསྟན་མཆོག་ལ་སྲུང་སྐྱོབ་མཛད་པའི་ཚེ། །བསིལ་བ་ཚལ་གྱི་འཇིགས་རུང་གནས་མཆོག་ནས། །མ་དང་མཁའ་འགྲོའི་ཚོགས་ཀྱི་གཙོ་བོ་མཆོག་ལྷ་ཆིན་གདོང་བཞི་འཁོར་ བཅས་་བསྟན་འཛིན་རྣམས་ལ་དངོས་གྲུབ་སྩོལ་པའི་ཚེ། །པོ་ཏ་ལ་ཡི་གནས་མཆོག་ཆེན་པོ་ནས། །ཚོགས་བདག་ནོར་ལྷ་རྒྱ་མཚོའི་གཙོ་བོ་ཆེ། །ཚོགས་ཆེན་དབང་ཕྱུག་འཁོར་བཅས་་ཞིང་བཅུའི་དགྲ་བགེགས་ཚོགས་རྣམས་བརླག་ པའི་ཚེ། །ཏེ་སེ་གངས་རིའི་སྒྲུབ་གནས་དམ་པ་ནས། །མྱུར་མགྱོགས་སྡེ་བརྒྱད་རྣམས་ཀྱི་རྒྱལ་པོ་ཆེ། །གདོང་གཉན་ནག་པོ་འཁོར་བཅས་་སྤྲུལ་པའི་ཚོགས་རྣམས་ཕྱོགས་བརྒྱར་འགྱེད་པའི་ཚེ། །དམ་པའི་སྒྲུབ་གནས་དར་ལུང་གནས་ མཆོག་ནས། །རྒྱལ་བའི་བསྟན་སྲུང་ཀུན་གྱི་གཙོ་བོ་མཆོག་བྲམ་ཟེའི་གཟུགས་ཅན་འཁོར་བཅས་་དམ་ཚིག་ལྡན་པ་བུ་བཞིན་སྐྱོང་བའི་ཚེ། །ཁའུ་བྲག་རྫོང་ནག་པོའི་གནས་མཆོག་ནས། །དམ་ཅན་རྒྱ་མཚོའི་ཚོགས་ཀྱི་གཙོ་བོ་མཆོག་ ཞིང་སྐྱོང་གཟི་ལྡན་དབང་ཕྱུག་་རྒྱལ་བ་མཆོག་གི་བསྟན་པ་སྲུང་བའི་ཚེ། །གདན་ས་ཆེན་པོ་དཔལ་ལྡན་ས་སྐྱ་ནས། །བདུད་འདུལ་དབང་ཕྱུག་ཚོགས་ཀྱི་གཙོ་བོ་སྟེ། །རྒྱས་མཛད་ལྷ་མཆོག་འཁོར་བཅས་་ཡང་གསང་རྒྱུད་སྡེའི་བསྟན་ པ་སྲུང་བ་དང། །དམ་ལྡན་རིག་འཛིན་འཁོར་བཅས་སྐྱོང་བའི་ཕྱིར། །སྔོན་གྱི་དམ་ཚིག་གཉན་པོ་ལེགས་དགོངས་ལ། །མྱུར་བར་གཤེགས་ལ་དངོས་གྲུབ་ལེགས་སྩོལ་ཅིག་ཨོཾ་མཧཱ་ཀཱ་ལ་ཙ་ཏུར་མུ་ཁ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ་ཛཧཱུཾ་ [004B] གཏུམ་རྔམ་དྲག་པོའི་གཞལ་ཡས་ཆེན་པོའི་དབུས། །པད་ཉི་དམ་ཉམས་བསྒྱེལ་བའི་ཁྲི་སྟེང་དུ། །འཁོར་བ་སྟོངས་མིན་དེ་སྲིད་བརྟན་བཞུགས་ལ། །དགྲ་བགེགས་མ་ལུས་མྱུར་དུ་བསྒྲལ་དུ་གསོལ། །མཚན་སྔགས་ཀྱི་མཐར།། བདག་མ་ལཱ་ཡེ་སྟྭཾ། ཧཱུཾ༑ དགྲ་བགེགས་ལེགས་བསྒྲལ་དམར་ཆེན་ཨརྒྷཾ་དང། །རྣམ་དག་བདུད་རྩི་སྨན་གྱི་མཆོད་པ་འདི། །དཔལ་ལྡན་ནག་པོ་འཁོར་ཚོགས་དང་བཅས་པ། །མཆོད་པ་འབུལ་ལོ་བརྩེ་བས་ལེགས་བཞེས་ཤིག་ །མཚན་སྔགས་ཀྱི་ མཐར། མཧཱ་རཀྟ་ཨརྒྷ་སརྦ་པཉྩ་ཨ་མྲྀ་ཏ་ཡེ་ཨོཾ་ཨཱཧཱུཾ། ། དེ་ནས། རང་ཡི་དམ་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་མདུན་གྱི་མགོན་པོ་འཁོར་བཅས་ལ་ཕོག་པའི་རྐྱེན་གྱིས། དེ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་ མགར་མེའི་ཚ་ཚ་ལྟ་བུར་འཕྲོས་པས་སྲིད་པ་གསུམ་གྱི་དགྲ་བགེགས་མ་ལུས་པ་ཐལ་བའི་རྡུལ་བཞིན་བརླག་པར་ བསམས་ལ། ཨོཾ་མཧཱ་ཀཱ་ལ་ཀཱ་ལ་བི་ཀཱ་ལ། ར་ཏྲི་ཏ། ཌོཾ་ཕི་ནཱི། ཙཎྜ་ལཱི། རཀྑ་སཱི། སིངྒ་ལཱི་དེ་ཝཱི་ཧཱུཾ་ཕྱོ་ཧཱུཾ། ཞེས་པའི་སྔགས་བརྒྱ་ཚར་ལ་སོགས་ཅི་ནུས་ བཟླས་པའི་མཐར། སྔགས་དེ་ཉིད་ལ་ ཨ་ ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ནཱཾ་ཨཱདྱ་ནུདྤནན་ཏཱ་ཏ་ནམ་ ཀཱ་རོ་ བཏགས་པས་གཏོར་མ་ཕུལ། གཏོར་མ་དེ་ཉིད་ངོ་བོ་ཟག་མེད་ཀྱི་བདུད་རྩིའི་རང་བཞིན་ལ་རྣམ་པ་གནོད་བྱེད་སྡང་བའི་ཤ་ཁྲག་ཆོས་སྐྱོང་འཁོར་བཅས་ཀྱིས་རོལ་པས་བདག་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་སྩོལ་བའི་བདག་ཉིད་ཅན་དུ་བསམས་ ལ༑༑ མཚན་སྔགས་ཀྱི་ཨོ་སརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱ་སརྦ་ཏད་ཁཾ་ཨུད་ག་ཏེ་སྤ་ར་ཎ་ཧི་མཾ་པ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་ ལྕང་སྐྱ་གོང་མའི་གསུང་ལྟར་རོ།། ་མཐར་ཉེར་སྤྱོད་ཀྱིས་མཆོད་ལ་འདོད་དོན་གསོལ་བ་བཏབ་ལ། བསྟོད་པ་ནི་ [005A]༄༅། །ཧཱུཾ༑ རང་རིག་དོན་གྱི་མགོན་པོ་མཧཱ་ཀ་ལ། །ཕྱི་རོལ་གདུག་པའི་གཙོ་བོར་ཡོངས་ཤར་བའི། །བསྟན་སྲུང་དབང་པོ་འཁོར་དང་བཅས་རྣམས་ལ། །མི་ཕྱེད་དད་པའི་ཡིད་ཀྱིས་བསྟོད་པར་བགྱི། །གང་སྐུ་མིག་སྨན་ མདོག་ལྟར་ཆེར་གནག་ཅིང། །ཚད་མེད་བཞི་ཡི་རང་བཞིན་ཞལ་བཞི་པ། །རྩ་ཞལ་བརྩེགས་མ་མུན་པ་ལྟར་གཏིབས་ཤིང། །གཡས་གཡོན་ལྗང་ནག་ཁྲོ་ཞིང་གཏུམ་ལ་བསྟོད། །ཕྱག་བཞི་གཡས་གཉིས་རབ་འབར་གྲི་གུག་དང།། དམ་ཉམས་མགོ་བོ་གཅོད་པའི་རལ་གྲི་འཛིན། །གཡོན་ན་བདུད་ཀྱི་ཁྲག་བཀང་ཐོད་པ་དང། །རུས་པའི་འཕྲེང་བས་དགྲ་བོ་རྩིས་འདེབས་བསྟོད། །མཆེ་གཙིགས་ལྔགས་འདྲིལ་གཏུམ་ཞིང་རྔ་མ་པའི་ཞལ། །དམར་ཞིང་རབ་ འཁྱུག་སྤྱན་གྱིས་ལེགས་ཉེས་ཤན། །ལེགས་པར་འབྱེད་ཅིང་མི་བཟད་སྨྲ་སྨིན། །རལ་པ་མཁའ་དབྱིངས་ཁྱབ་པར་འཛིངས་ལ་་མི་མགོའི་དབུ་རྒྱན་རིན་ཆེན་རྒྱན་གྱིས་སྤྲས། །རློན་པའི་དོ་ཤལ་ཁྲག་གི་རྒྱུན་འབབ་པ། ། རུས་པའི་རྒྱན་དྲུག་དྲིལ་བུ་གཡེར་ཁ་དང། །དུག་སྤྲུལ་ཚངས་པའི་སྐུད་པས་བརྒྱན་ལ་་ཁྲོ་ཞིང་བརྗིད་འཛུམ་སྐུ་ཡི་རྣམ་འགྱུར་མཆོག་བསམ་གྱིས་མི་ཁྱབ་བྱེ་བ་མཐའ་ཡས་པ། །དུ་མར་སྟོན་ཅིང་སྤྱི་དང་བྱེ་བྲག་བསྟན།། སྲིད་མཐའི་བར་དུ་མི་ཉམས་སྤེལ་ལ་་གང་གི་བཀའ་ཉན་ཤར་དུ་གཡུང་མོ་ཆེ། །ཁྲོ་ཞིང་གཏུམ་ལ་མདོག་ནག་བཞིན་མི་སྡུག་གནོད་བྱེད་དགྲ་བགེགས་དམ་ཉམས་སྲོག་གཅོད་སོགས། །དྲག་པོའི་ལས་ཀུན་ཐོགས་མེད་བསྒྲུབ་ལ་་གཡོན་ [005B] །མ་ངེས་དུ་མའི་ཚུལ་འཛིན་སྐུའི་སྣང་བརྙན། །གང་འདུལ་ཚུལ་སྟོན་སྣ་ཚོགས་ཐབས་ལ་མཁས། །འཕྲིན་ལས་རྣམ་བཞི་ཐོགས་མེད་བསྒྲུབ་ལ་་མདུན་དུ་སྲིན་མོ་པདྨ་རཱ་གའི་མདོག་ཅུང་ཟད་ཁྲོ་ལ་ཆགས་ པའི་ཉམས་ལྡན་པ། །མི་ཟད་ནོར་དང་འགྲོ་ཀུན་དབང་བསྡུད་སོགས། །དབང་གི་ལས་རྣམས་ཐོགས་མེད་་རྒྱབ་ཏུ་སིངྒ་ལིམ་གསེར་འོད་མདོག་ཅུང་ཟད་ནག་པོའི་ཚུལ་འཆང་དཔའ་ལ་བརྗིད། །བློ་གྲོས་ཚེ་དང་བསོད་ནམས་ར་བ་འཕེལ་སོགས། །རྒྱས་པའི་ ལས་རྣམས་ཐོགས་མེད་་བཞི་ཀའང་གྲི་གུག་ཐོད་པས་ཕྱག་གཉིས་སྒྲེལ། །མི་མགོའི་འཕྲེང་བ་རུས་པའི་རྒྱན་དྲུག་སོགས། །རང་རང་ལས་དང་མཐུན་པའི་རྒྱན་གྱིས་སྤྲས། །གང་བཅོལ་ལས་ཀུན་ཐོགས་མེད་་གཞན་ཡང་བེག་ཙེ་ཆེ་དང་རཱ་ཧུ་ལ། །ལ་སོགས་མི་བཟད་ དུ་མའི་འཁོར་གྱི་ཚོགས། །མཐུན་པའི་རྒྱན་ལྡན་རྔམ་པའི་ལས་ཀུན་སྒྲུབ། །འཇིག་རྟེན་ཁམས་ཀུན་སྐད་ཅིག་གཡོལ་་དེ་ལྟར་ས་སྐྱའི་བླ་ཆེན་བསྟན་སྲུང་ཚོགས། །ཀུན་གྱི་དབང་ཕྱུག་ནག་པོ་འཁོར་བཅས་ལ། །རྣལ་འབྱོར་རྩེ་གཅིག་གུས་པས་ལེགས་ བསྟོད་མཐུས། །འཕྲིན་ལས་ཐོགས་མེད་མྱུར་དུ་བསྒྲུབ་ལ་བསྟོད།། ། ལྷ་མཆོག་མཧཱ་ཀཱ་ལ་མཐུ་བོ་ཆེ། །ཁྱེད་ལ་མཐུན་པའི་དམ་རྫས་འབུལ་བ་ནི། །རྟ་མཆོག་རིན་ཆེན་རྒྱན་གྱིས་བརྒྱན་པ་དང། །གཡག་རོག་ཞོལ་ཆེན་སྤྲིན་ལྟར་ འཐིབས་པ་དང། །ལུག་ནག་སྤྱི་དཀར་ཤེལ་ལྟར་འཚེར་བ་དང། །ཁྱི་ནག་སྙིང་དཀར་དོམ་ལྟར་འཕྱོ་བ་ལ། །མཐིང་ནག་དར་གྱི་ཅོད་པན་མང་པོས་བརྒྱན། །ལྷ་མཆོག་མཧཱ་ཀཱ་ལའི་ཐུགས་དམ་བསྐང། །ལྷ་ཆེན་ནག་པོ་གདོང་བཞིའི་ཐུགས་་ [006A]༄༅། །ཞིང་སྐྱོང་གཟི་ལྡན་དབང་ཕྱུག་་བྲམ་ཟེའི་གཟུགས་ཅན་དཔའ་བོའི་་ཡུམ་ཆེན་གཡུང་མོ་ནག་མོའི་་ལས་མཛད་གཏུམ་མོ་ལྗང་ཁུའི་་སེར་ནག་སིངྒ་ལི་ཡི་་དམར་ནག་སྲིན་མོ་ཆེན་མོའི་་འཁོར་གྱི་ཞིང་སྐྱོང་ ཚོགས་ཀྱི་་དྲེགས་པ་སྡེ་བརྒྱད་ཚོགས་ཀྱི་་འཁོར་དང་བཅས་པའི་ཐུགས་དམ་སྐོང་གྱུར་ནས། །རྣལ་འབྱོར་དཔོན་སློབ་ཉམས་ཆགས་སོས་གྱུར་ཅིག། ༈ །དྲི་ལྡན་གསར་རྙིང་མེ་ཏོག་ནག་པོ་དང། །ཚིལ་ ཆེན་མཱཾ་ས་སྤོས་ཀྱི་དུད་སྤྲིན་དང། །ཞུན་ཆེན་སྒྲོན་མེ་སྦར་བའི་སྣང་གསལ་དང། །ཁྲག་ཞག་རྒྱ་མཚོར་འཁྱིལ་བའི་དྲི་ཆ་བ་དང། །ཞལ་ཟས་བཤོས་པུ་དམར་ནག་རི་རབ་ཙམ། །ཁྲག་ཞག་ཤ་རུས་གཏམས་པའི་ཚོམ་བུ་བཀོད།། རྐང་གླིང་སྙན་པའི་རོལ་མོའི་སྒྲ་སྒྲོགས་ཤིང། །སྣ་ཚོགས་མཆོད་པའི་སྤྲིན་གྱིས་བརྒྱན་པ་འདིས། །ལྷ་མཆོག་་ལྷ་ཆེན་་ཞིང་སྐྱོང་་བྲམ་ཟེའི་་ཡུམ་ཆེན་་ལས་མཛད་་སེ་ར་ནག་་དམར་ནག་་འཁོར་གྱི་་དྲེགས་ ༈ །འཆི་མེད་བདུད་རྩི་སྨན་གྱི་རྒྱ་མཚོ་དང། །ཛ་གད་ཕུད་ཀྱི་བཏུང་བ་སྣ་ཚོགས་དང། །བཟའ་དང་བཏུང་བ་རི་རབ་རྒྱ་མཚོ་ཙམ། །ཏིང་འཛིན་སྔགས་དང་ ཕྱག་རྒྱས་བྱིན་བརླབས་པའི། །རོ་བརྒྱ་ལྡན་པའི་མཆོད་པ་རྒྱ་མཚོ་འདིས། །ལྷ་མཆོག་་ལྷ་ཆེན་་ཞིང་སྐྱོང་་བྲམ་ཟེའི་་ཡུམ་ཆེན་་ལས་མཛད་་སེར་ནག་་དམར་ནག་་འཁོར་གྱི་་དྲེགས་པ་་འཁོར་དང་་རྣལ་འབྱོར་་ [006B] ༈ །སངས་རྒྱས་བསྟན་པ་བསྲུང་ཞིང་སྐྱོང་བ་དང། །གནོད་བྱེད་དགྲ་བགེགས་ཐལ་བའི་རྡུལ་དུ་རློག་ཞི་རྒྱས་དབང་དྲག་དངོས་གྲུབ་སྩལ་དུ་གསོལ། ། ༈ དཔལ་མགོན་གྱི་ཕྱག་མཚན་འབུལ་ཐབས་བཞུགས་ སོ༑ ༑སྟོབས་ཆེན་ཤུགས་དྲག་གི་གུག་རྣོ། །གདུག་པ་འདུལ་ཕྱིར་བཞེས་སུ་གསོལ། །རྒྱུ་རྩུབ་དུག་གིས་ངར་བླུད་པའི། །གྲི་གུག་མགོན་པོའི་ཕྱག་ན་འབར། །ལོགས་ལ་དྲག་པོའི་སྔགས་བཀོད་པས། །མགོན་པོ་འཁོར་བཅས་སྤྲིན་བཞིན་ འདུ༑ ༑ཞབས་ནི་རྡོ་རྗེའི་རྣོ་ངར་བཅས། །གདུག་ཅན་དགྲ་བོའི་སྙིང་ལ་གཟིར། །སྟོབས་འགྲོག་ནག་པོའི་ཕྱག་ཏུ་འབུལ། །དགྲ་བགེགས་སྒྲོལ་ཕྱིར་བཞེས་སུ་གསོལ། ། ༈ །གདུག་པ་་རྒྱུ་རྩུབ་་རྩེ་ ༈ །གདུག་པ་་རྒྱུ་རྩུབ་་རལ་གྲི་མགོན་པོའི་་ལོགས་ལ་་མགོན་པོ་་ཞབས་ནི་་གདུག་ཅན་་སྟོབས་འཕྲོག་་ ༈ ། ༈ །དམ་ ཚིག་མཚོན་ཕྱིར་འདུ་བའི་བརྡའ། །སྟོབས་འཕྲོག་ནག་པོའི་ཕྱག་ཏུ་འབུལ། །དགྲ་བགེགས་སྒྲོལ་ཕྱིར་བཞེས་སུ་གསོལ། །དུང་ཆེན་ཕྲེང་ཆེན་འགུགས་པའི་རྒྱུན། །རིན་ཆེན་བུམ་པ་ནོར་གྱི་དབྱིག་དར་ནག་བ་དན་གཡབ་པའི་དོན། །བདེ་ [007A]༄༅། །ཆེན་ཐོད་ཁྲག་བདུད་རྩིའི་རྒྱུན། །རྣལ་འབྱོར་སྐྱོང་ཕྱིར་ཕྱག་ན་བསྣམས། །དམ་ཚིག་རྟེན་དུ་བཞེས་སུ་གསོལ། །གཞན་ཡང་གཏོར་མ་རཀྟ་དང། །བདུད་རྩི་ལྔ་དང་ཤ་ཆེན་སྤོས། །ཚིལ་ཆེན་མར་མེ་ལ་སོགས་ པ༑ ༑ཞལ་བཞི་གཉན་པོའི་རྟེན་དུ་འབུལ། །ཞེས་པ་འདི་ནི་གཉན་ལོ་ཙཱ་བ་དར་མ་གྲགས་ཀྱིས་མཛད་པའོ། །། ཧཱུཾ༑ རྣམ་དག་ཆོས་ཀུན་གདོད་ནས་སྟོང་པའི་ངང། །ངང་ལས་རྒྱལ་བསྟན་ཆེ་དང་དེ་འཛིན་ ཚོགས། །བསྲུང་ཕྱིར་དྲག་པོའི་སྐུར་བཞེངས་གཟི་ལྡན་དབང། །དུ་མའི་འཁོར་ཚོགས་བཅས་པའི་ཐུགས་དམ་བསྐང། །མི་བཟད་དུར་ཁྲོད་རོལ་པའི་གཞལ་ཡས་མཆོག་ཀེང་རུས་ཀ་གདུང་རྩིབ་རུས་དྲལ་ལྕམ་དང། །མགོ་པོའི་རྩིག་པ་ཁྲོ་ ཆུས་ལེགས་སྡོམ་ནང། །གཡང་གཞིའི་བླ་བྲེ་ནང་ཁྲོལ་དྲ་ཕྱེད་དང། །དོན་སྙིང་ཕྲེང་ཚར་ཙིཏྟའི་ཏོག་བཅས་དབུས། །དམ་ཉམས་དགྲ་དང་བགེགས་ལས་བྱུང་བ་ཡི། །ཤ་རུས་དམར་ཆེན་གཏོར་མ་རི་ལྟར་བརྗིད། །དམར་གྱི་རཀྟ་རྒྱ་ མཚོའི་རང་བཞིན་ཅན། །དམ་ཚིག་རྫས་མཆོག་སྨན་གྱི་བདུད་རྩི་དང། །བུ་རམ་ཀ་ར་ལ་སོགས་བཟའ་བའི་རིགས། །ཤིང་ཏོག་འབྲས་བུའི་ཕུང་པོ་བསམ་མི་ཁྱབ། །ཚོགས་འཁོར་ཛམ་བུའི་ཞལ་ཟས་རབ་བརྗིད་པ། །རྨད་བྱུང་བཏུང་བའི་ཚོགས་ཀྱིས་ ཐུགས་དམ་བསྐང། །རླུང་གི་ཤུགས་འཆང་རྟ་ནག་སྒ་རྒྱན་ཅན། །རི་ལྟར་བརྗིད་པའི་གཡག་རྒོད་ཞོལ་ཆེན་དང། །ལྕགས་རྭ་འཁྱིལ་ཞིང་གསེར་གྱི་མིག་ལྡན་ལུག་དོ་མ་རྒོད་ཁྱི་ནག་སེང་ཆེན་ལྟར་འཕྱོ་བ། །བྱ་ནག་སྤུ་སྡུག་ཡིད་འོང་དུ་མ་བཅས། །དབང་ [007B] །འཇིགས་རུང་མཐུན་རྫས་རྣམས་ཀྱིས་ཐུགས་་དཔའ་བོ་གཡུལ་ལས་རྒྱལ་བྱེད་གོ་ཁྲབ་དང། །རལ་གྲི་མདུང་དང་གྲི་གུག་ཐོད་ཁྲག་ཆེ། །མདའ་གཞུ་གཏུན་ཤིང་འཁོར་ལོ་དགྲ་སྟ་དང། །ཤག་ཏི་ཁ་ཊཱཾ་ག་དང་ཐོད་པའི་ཕྲེང། །རྩེ་ གསུམ་མདུང་ཐུང་དར་ནག་ཕུར་བུ་དང། །བུམ་བཟང་རྐང་གླིང་མདའ་དར་དཔལ་གྱི་ཆས། །དཔལ་ཆེན་རྣལ་འབྱོར་དྲག་པོའི་ངར་སྐད་ཀྱིས། །སྔགས་མཆོག་འབྲུག་སྟོང་ལྟ་བུར་ཆེར་སྒྲོག་ཅིང། །གཏུམ་དྲག་ཞྭ་ཕོད་ལ་སོགས་ཆས་ཀྱིས་ཀླུབས། །མི་རུས་རིན་ཆེན་ ལས་གྲུབ་དབུ་རྒྱན་ཆེ། །མགུལ་དཔུང་སྙན་དང་སེ་རལ་སྨད་རྒྱན་དང། །ཚངས་སྐུད་གཡེར་ཁ་དུག་སྤྲུལ་ལ་སོགས་པའི། །རྔ་མ་བརྗིད་མཛེས་པའི་རྒྱན་གྱིས་ཐུགས་་རུ་ཏྲཱི་སྲོག་རྩའི་དམར་ཆེན་མཆོད་ཡོན་དང། །སྣ་ལྔའི་ཁ་དོག་རབ་བཀྲའི་མེ་ཏོག་དང། ། དུད་སྤྲིན་བུ་ཡུག་ལྟར་འཚུབ་བདུག་སྤོས་ཆེ། །སྟོང་གསུམ་ཀུན་ནས་ཁྱབ་པའི་སྣང་གསལ་ཆེ། །མཁྲིས་ཆེན་ཁུ་བའི་བྱུག་པའི་དྲི་ཆབ་མཆོག་བཅུད་ལྡན་དམར་ཆེན་ཞལ་ཟས་དམ་པ་དང། །འབྲུག་སྒྲ་ཟིལ་གནོན་རོལ་མོས་ཐུགས་་ཁྱད་པར་གཡུལ་དུ་ བསང་བའི་དགྲ་བོའི་སྙིང། །མི་འབྲལ་རྟག་ཏུ་རབ་འགྲོགས་བླ་རྡོ་མཆོག་གཏོར་ཚོགས་གསང་སྔགས་དམ་རྫས་མཆོད་པའི་སྤྲིན། །ཁྱད་པར་རྟེན་མཆོག་ཚོགས་ཀྱིས་ཐུགས་་མདོར་ན་ཕྱི་ནང་གསང་བའི་དམ་རྫས་ཀུན། །སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་ བཅས་ཀྱིས། །རྩེ་གཅིག་བྱིན་བརླབས་མཐུ་ལས་ཐམས་ཅད་དུ་ཀུན། །དབངས་མཐོ་གཏིང་ཟབ་མི་ཟད་སྲིད་མཐའི་བར། །ལེགས་གནས་ཟབ་ཅིང་རྒྱ་ཆེའི་མཆོད་སྤྲིན་གྱིས། །དཔལ་ལྡན་སྟོབས་འཕྲོག་ནག་པོའི་ཐུགས་དམ་བསྐང། །ལྷ་མཆོག་གཟི་ [008A]༄༅། །ལྡན་དབང་ཕྱུག་་ཞིང་སྐྱོང་དྲེགས་པ་ཞལ་བཞིའི་་འཇིགས་བྱེད་བྲམ་ཟེ་ནག་པོའི་་དཔལ་ཆེན་ཚོགས་ཀྱི་བདག་པོའི་་མཁའ་འགྲོ་བྱེ་བའི་དབང་ཕྱུག་་ཡུམ་ཆེན་གཡུང་མོ་ནག་མོའི་་ལས་མཛད་ གཏུམ་མོ་ལྗང་ཁུའི་་འཇིགས་མཛད་སིངྒ་ལི་མའི་་ཁྲག་འཐུང་དམར་མོ་ཆེན་མོའི་་གཤིན་རྗེ་བེག་ཙེ་མིང་སྲིང་་གཟའ་བདུད་རཱ་ཧུ་ལ་ཡི་་དཔག་ཡས་བྲམ་ཟེའི་ཚོགས་ཀྱི་་མི་བཟད་འཁོར་ཚོགས་མ་ལུས་ཐུགས་དམ་བསྐང།། ། བཤགས་པ་ནི། ཧཱུཾ༑ བསྟན་སྲུང་རྒྱ་མཚོའི་གཙོ་བོ་གཉན་མགོན་ཆེ། །གང་གི་འཁོར་ཚོགས་མ་ལུས་འཁོར་བཅས་ཀུན། །རྟག་ཏུ་མི་འབྲལ་བརྩེ་བས་ཉེར་དགོངས་ལ། །མ་རིག་ལས་ཀུན་མྱུར་དུ་བྱང་བར་མཛོད། །ཁྱད་པར་དཀྱིལ་འཁོར་ཀུན་བདག་ གསང་སྔགས་ཀྱི། །དམ་ཚིག་མ་ལུས་ཉམས་ཆགས་ཞིག་རལ་དང། །སྒོམ་སྒྲུབ་མི་བརྩོན་གང་གིས་བཟླས་པའི་ཚོགས། །ཉུང་ཞིང་བག་མེད་དབང་སོང་མཐོལ་ཞིང་བཤགས། །བསྐྱེད་རིམ་སྐུ་ཡི་སྣང་བརྙན་མི་གསལ་ཞིང། །རྒྱུན་དང་དུས་ཀྱི་མཆོད་དང་ གཏོར་མའི་ཚོགས། །ཆགས་ཤིང་དམ་འདས་ལུས་ངག་སྤྱོད་པ་འདྲེས། །མི་འབྲལ་བསྲུང་བའི་བྱ་བ་དུས་འདའ་སོགས། །མདོར་ན་ཐུགས་དང་འགལ་ཀུན་མཐོལ་ལོ་བཤགས། །དེ་ལྟར་འབད་བས་རྟག་ཏུ་གསོལ་བཏབ་མཐུས། །གདོང་གཉན་དབང་ པོ་འཁོར་བཅས་རབ་དགྱེས་ནས། །མ་ལུས་དྲི་མའི་ཚོགས་ཀུན་རབ་བྱང་སྟེ། །མཆོག་ཐུན་དངོས་གྲུབ་འབད་མེད་མྱུར་སྩོལ་ཅིག། ། དཀྱིལ་འཁོར་བྱེ་བའི་བདག་ཉིད་རྡོར་འཛིན་ཆེ། །རྣལ་འབྱོར་དབང་པོ་གཉན་ལོ་ཁའུ་པ། ། [008B] །བར་དུ་རིམ་བྱོན་རྩ་བརྒྱུད་བླ་མའི་བཀའ། །ཇི་ལྟར་བསྒོ་བའི་གཡར་དམ་མ་གཡེལ་བར། །སྤྱི་དང་ཁྱད་པར་རྗེ་བཙུན་ ཙོང་ཁ་པའི། ས་སྐྱ་པའི། །མཁྱེན་རབ་བླ་མར་ མདོ་སྔགས་སྙན་རྒྱུད་ བཅས་པའི་བསྟན་པ་དང། །བདག་ཅག་རིག་འཛིན་ སྔགས་འཆང་དབང་པོ་ཡི། །འདི་དང་གཏན་གྱི་བདེ་སྐྱིད་ལ་འཚེ་བའི། །གཟུགས་ཅན་དགྲ་དང་གཟུགས་མེད་བགེགས་ཀྱི་ཚོགས། །མྱུར་དུ་ཚར་གཅོད་སྙིང་ཁྲག་ཐང་ལ་འཕོ། །ནང་དུ་ངེན་སེམས་འཆང་དང་མི་འབྲལ་ ཡང༑ ༑ཕྱི་རུ་གུས་པའི་ཚུལ་གྱིས་ལེགས་བཏུད་དེ། །ཕྱི་ནང་གསང་བའི་རྟེན་འབྲེལ་རློག་བྱེད་རྣམས། །སྔོན་ལས་དབང་དུ་མ་བཏང་སྐད་ཅིག་སྒྲོལ། །དཔལ་ལྡན་བླ་མ་མཆོག་དང་ ཙོང་ཁ་ ས་སྐྱ་ ཙོང་ཁ་ པའི། །བསྟན་དང་དེ་འཛིན་འཕེལ་ཞིང་རབ་རྒྱས་ཏེ། །གནས་ མཆོག་འདི་དང་འགྲོ་བ་མ་ལུས་པའི། །ཡུལ་ཀུན་འཕྲིན་ལས་མཆོག་གིས་ཁྱབ་པར་མཛོད། །བསླབ་གསུམ་རྒྱན་གྱིས་མཛེས་པའི་འདུས་པའི་སྔེ། །སྤྱི་དང་ཁྱད་པར་ བཀྲ་ཤིས་ཆོས་ཀྱི་གླིང། བླ་ཆེན་བརྩེ་བ་ཆེ། །དྲིན་ཅན་དམ་པའི་རིང་ལུགས་དྲི་མ་མེད། །འཛིན་ཀུན་གྲངས་ མེད་རྒྱས་ཤིང་འཕེལ་བར་ ལེགས་ཚོགས་འཕེལ་ཞིང་རྒྱས་པར་ མཛོད། །ཆེ་བཙན་ཁ་དྲག་སྟོབས་ལྡན་ཚེ་བསོད་ནམས། །དཔལ་འབྱོར་སྙན་གྲགས་ཅན་སོགས་འགྲོ་བའི་ཚོགས། །མ་ལུས་་མཁན་སློབ་དགེ་འདུན་སྡེ་བཅས་དར་ཞིང་རྒྱས། །ཆོས་སྲིད་ དབང་དུ་བསྡུས་ནས་དམ་ལྡན་ཀུན། །ལོངས་སྤྱོད་ནོར་སྦྱིན་དབང་པོར་འགྲན་པར་མཛོད། །མདོར་ན་དེང་ནས་བཅུ་གསུམ་རྡོ་རྗེའི་ས། །ཐོབ་མིན་དེ་སྲིད་བར་དུ་བདག་ཅག་གི་ལུས་དང་གྲིབ་མའི་ [009A]༄༅། །ཚུལ་དུ་རྟག་འགྲོགས་ལ། །ལམ་གྱི་འགལ་རྐྱེན་ཀུན་ཞིའི་འཕྲིན་ལས་མཛོད། །མཆོག་གསུམ་ངོ་བོ་རྩ་བརྒྱུད་བླ་མ་དང། །ཡི་དམ་ཀུན་གྱི་ངོ་བོ་གསང་བ་འདུས། །བསྟན་སྲུང་བྱེ་པའི་དབང་ཕྱུག་མཐུ་སྟོབས་ཀྱིས། ། བདག་གི་འཕྲིན་ལས་ཀུན་རྒྱལ་བཀྲ་ཤིས་སྩོལ། །ཅེས་འཕྲིན་ལས་བཅོལ་ལ་རྗེས་ཀྱི་བྱ་བ་རྣམས་སྤྱི་ལྟར་བྱའོ། །དེ་ལྟར་ས་སྐྱའི་བླ་ཆེན་བསྟན་སྲུང་གཙོ། །ཀུན་གྱི་དབང་ཕྱུག་སྟོབས་འཕྲོག་ནག་པོ་ཆེ། །མཆོད་ཅིང་བསྐང་བའི་རིམ་པ་འདིར་འབད་མཐུས། །སྤྱི་དང་བྱེ་བྲག་བསྟན་དང་དེ་ འཛིན་ཚོགས། །ཞབས་བརྟན་བཞེད་དོན་མཁུས་འགྲུབ་པ་དང། །མཁའ་ཁྱབ་འགྲོ་ཀུན་ནད་མཚོན་མུ་གེ་སོགས། །མེད་ཅིང་བདེ་སྐྱིད་རྫོགས་ལྡན་ལྟར་རྒྱས་ཏེ། །ཕུན་ཚོགས་གཟི་འོད་དཔལ་གྱིས་ཁྱབ་པར་ཤོག་ཅེས་བསྟན་སྲུང་ཀུན་གྱི་དབང་ཕྱུག་དཔལ་ལྡན་སྟོབས་འཕྲོག་དབང་པོ་ཞལ་བཞི་ པའི་མཆོད་ཐབས་བསྐང་བའི་རིམ་པ་འདི་བཞིན་ཆོས་སྐྱོང་དབང་པོ་ཉིད་ཀྱི་འཕྲིན་ལས་ཀྱིས་བསྐུལ་བ་དང་དུ་བླངས་ཏེ། ལྕགས་སྟག་སྣོན་ཟླ་བའི་ཡར་ཚེས་བདུན་གཟའ་ལྷ་ཡི་བླ་མ་དང། རྒྱུ་སྐར་ཁྲ་འཛོམས་པའི་ཟུང་སྦྱོར་གྱི་ཉིན་དབུ་བཙུགས་ཤིང། དམར་ཕྱོགས་ཀྱི་བཟང་པོ་གཉིས་པར་མཁའ་འགྲོ་ འདུ་བའི་དུས་ཁྱད་བར་ཅན་གྱི་ཉིན་རེས་གཟའ་བ་སངས་དང་རྒྱུ་སྐར་ནམ་གྲུ་དགའ་མགུར་སྤྱོད་པའི་ཐོག་དཔལ་རྒྱུན་གྱི་དབང་པོའི་བླ་བྲང་ལྕང་ལོ་ཅན་དུ་སྦྱར་བ་འདིས་ཀྱང་ཆོས་སྐྱོང་རབ་ཏུ་དགྱེས་ཏེ་བསམ་དོན་མཐའ་དག་ལྷུན་གྱིས་གྲུབ་པའི་རྒྱུར་གྱུར་ཅིག། ས་མཱ་ཡ།། ༈ དྲེགས་བྱེད་ མཐུ་སྟོབས་བྱེ་བ་མ་ལུས་པའི། །རང་བཞིན་དཔལ་ལྡན་ལྷ་ཆེན་གཟི་ལྡན་དབང། །གདུག་པའི་གཟུགས་སྤྲུལ་གཉན་མགོན་ཞལ་བཞི་པ། །འཁོར་ཚོགས་རྒྱ་མཚོར་བཅས་པའི་བཀྲ་ཤིས་ཤོག། །། ༈ ཅེས་འཕན་པོ་ན་ [009B] བཅོ་བརྒྱད་བླ་མ་ངག་དབང་མཁྱེན་བརྩེ་རབ་བརྟན་ལ་བསྟན་སྲུང་ཆེན་པོ་འདི་ཉིད་ཀྱིས་ཞལ་དངོས་སུ་གཟིགས་ཏེ། ངེད་ཀྱི་བསྐང་ཆོག་རྩོམས་ཤིག་ཅེས་བསྐུལ་མ་གནང་བ་ལྟར་གསར་བསྒྲིགས་མཛད་པའི་བསྐང་གསར་བྱིན་ རླབས་ཅན་འདིའི་སྟེང་ནས། རྡོ་རྗེ་འཆང་ཕ་པོང་ཁ་པ་བདེ་ཆེན་སྙིང་པོའི་ཞལ་སྔ་ནས་ཀྱིས་དཔལ་འཁོར་ལོ་སྡོམ་པའི་གནས་མཆོག་དབེན་གནས་བཀྲ་ཤིས་ཆོས་གླིང་དུ། དཔལ་མགོན་སྟོབས་འཕྲོག་དབང་པོའི་དུས་ཆེན་ཁྱད་པར་ཅན་ཧོར་ཟླ་གསུམ་པ་ནག་བཟླ་བའི་ཚེས་བརྒྱད་ཀྱི་ཉིན་ལོ་སྟར་བརྒྱད་ གཏོར་ཆེན་མོ་ཚུགས་དགོས་ཞེས་རྗེ་ཉིད་ནས་དབུ་འཛུགས་མཛད་ཅིང། བསྐང་གསར་འདི་བཞིན་ཆོ་གའི་གོ་རིམ་དཔལ་ལྡན་ས་སྐྱ་བའི་ཕྱག་བཞེས་ལྟར་མཛད་ཀྱང། དགེ་ལྡན་པ་རྣམས་ཀྱིས་གསུང་ཚེ་དགེ་ལུགས་ཀྱི་སྔགས་གྲྭའི་གསུང་རྒྱུན་བསྐང་གསོའི་འགྲོས་ལྟར་ཡར་མར་འཁྱེར་དགོས་རྣམས་ཆོ་ག་བྱང་ བ་མེད་རིགས་ལ་ཕན་ཕྱིར་ཨང་རྟགས་ཙམ་བྲིས་ན་རུང་ཞེས་དཔལ་མགོན་བྲན་བཞིན་འཁོལ་བ་སྐྱབས་རྗེ་གཟིམ་འོག་མཆོག་སྤྲུལ་རིན་པོ་ཆེ་བྱམས་པ་ཀུན་དགའ་བསྙན་འཛིན་དཔལ་བཟང་པོ་ཉིད་ལས་གནང་བ་ལེགས་པར་ཐོབ་པ་ལྟར་བཀོད་པར་མ་ཟད། སླད་བསྐང་གསར་འདི་ཉིད་མཛད་པ་པོས་ཇི་ལྟར་བསྒྲིགས་པ་ལྟར་ དཔེ་ཆའི་གཞུང་འདི་རང་སོར་བཞག་ལས་ཆོག་སྒྲིགས་འཁྱེར་བདེ་ནག་འགྲོས་སུ་གསར་བཅོས་བྱར་མི་རུང་བར་གསུངས་ལ། རྒྱལ་མཆོག་ལྔ་པ་ཆེན་པོས་ཀྱང་མགོན་པོ་གུར་ཞལ་ལས་མཁན་རྣམས་ཀྱི་གཏོར་ཆོག་ལོགས་སུ་མཛད་ཅིང། ཡང་དེའི་བསྟོད་བསྐུལ་ལེ་ཚན་བཤན་པ་རྣམ་བར་རོལ་པ་སོགས་ཟུར་དུ་མཛད་ ནས། དེ་ཉིད་ལས། ཁོ་བོས་བསྒྲིགས་པའི་ལེ་ཚན་གསུམ་པོ་འདི་ཡང་དཔེ་ཆ་སོར་གནས་ལས་སྣོན་འཕྲི་དང་བསྲེས་ནས་ནག་པོ་འགྲོར་ཤེས་སུ་འབྲི་བ་དང་དཔེ་གོག་གཞན་གྱི་རྒྱས་འགེབས། ལུགས་སྲོལ་གཞན་གྱི་དཔེ་བྱེད་པ་སོགས་གཏན་མི་བྱེད་པར་མ་འཕྱུགས་པ་དགོས་ཤིང། བློ་ལྡན་ [010A]༄༅། །མཐའ་དག་གིས་རྟོག་པ་ཞིབ་པར་གྱིས་ཤིག་ཅེས་གསུངས་ཤིང། གོང་གི་འདོད་གསོལ་དམིགས་བསལ་དུ་ཁ་སྒྱུར་རུང་བའི་བཀའ་མཆན་ཁག་གསུམ་ནི་རྡོ་རྗེ་འཆང་ཕ་བོང་ཁ་པས་མཛད་པའོ།། །།བཀྲས་ཆོས་དགེ་སློང་སྤྱི་རྙིང་ བློ་བཟང་བསམ་གཏན་དང་རྒྱལ་བསྟན་རབ་འཕེལ་ཟུང་ནས་སྤར་དུ་བསྐྲུན་པ་འགྲོ་དོན་འཕེལ།། །།